http://tibettimes.net/2020/02/21/183697/
བོད་ཀྱི་དུས་བབ། > Mobile App > རྒྱལ་སྤྱིའི་མ་སྐད་ཉིན་མོར་ཕུལ་བའི་གཏམ།
རྒྱལ་སྤྱིའི་མ་སྐད་ཉིན་མོར་ཕུལ་བའི་གཏམ།
ཕྱི་ལོ་ ༢༠༠༠ ཟླ་ ༢ ཚེས་ ༢༡ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག རིག་གཞུང་བསྟི་གནས་ཁང་(UNESCO) གིས་རྒྱལ་སྤྱིའི་མ་སྐད་ཉིན་མོར་སྲུང་བརྩི་ཞུས་པ་ནས་བཟུང་ལོ་ལྟར་ཕྱི་ཟླ་ ༢ ཚེས་ ༢༡ ཉིན་རྒྱལ་སྤྱིའི་མ་སྐད་ཉིན་མོ། ཞེས་སྲུང་བརྩི་ཞུ་སྲོལ་ཡོད་པ་ནི་ཡོངས་སུ་གྲགས་ཡོད། དེ་ཡང་བསྟི་གནས་ཁང་དེས་བཏོན་པའི་སྙན་ཐོ་ལྟར་ན། ད་ལྟ་འཛམ་གླིང་ནང་སྐད་ཡིག་མི་འདྲ་བ་ ༦༠༠༠ ལྷག་ཡོད་པ་དང་། གྲངས་འབོར་དེའི་བརྒྱ་ཆ་ ༤༠ ཙམ་རིམ་བཞིན་རྩ་མེད་དུ་འགྲོ་རྒྱུའི་ཉེན་ཁ་ཡོད་སྐོར་འཁོད་ཡོད། སྐད་ཡིག་ནི་མི་རིགས་ཤིག་གི་བླ་སྲོག་དང་། ངོ་བོ་མཚོན་པར་བྱས་པའི་དན་རྟགས་ཤིག་ཀྱང་ཡིན། བོད་མི་རིགས་ལ་མཚོན་ནའང་རྒྱ་ནག་གཞུང་གིས་བོད་ནང་ཁྲིམས་འགལ་གྱིས་བཙན་འཛུལ་བྱས་ནས་ལོ་ངོ་ ༦༠ ལྷག་ཕྱིན་ཡོད། འོན་ཀྱང་བོད་མི་ཚོས་ཞུམ་པ་མེད་པའི་སྙིང་སྟོབས་དང་ལྷག་བསམ་གྱི་གོ་ཆ་གྱོན་ནས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་ཆོལ་གསུམ་ཆིག་སྒྲིལ་ངང་གནས་ཐུབ་པར་བརྟེན། བོད་ཀྱི་སྐད་ཡིག་ཟུར་གསལ་ཡོད་པ་དེ་དག་བཙན་བྱོལ་དུ་འབྱོར་རྗེས་སུའང་གྲ་མ་ཉམས་གྲུ་མ་ཞིག་པར་རྒྱུན་གནས་ཐུབ་པ་བྱུང་ཡོད།
བོད་ནང་དུ་མཚོན་ནའང་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དེ་བོད་མིའི་ཐོག་དབང་སྒྱུར་བྱེད་པར་འགོག་རྐྱེན་བཟོ་མཁན་སྟོབས་ཤུགས་ཆེ་ཤོས་ཤིག་ལ་ངོས་འཛིན་བྱས་ནས་འཇམ་རྩུབ་ཀྱི་ཐབས་ཤེས་སྣ་ཚོགས་འོག་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་ཐབས་བྱས་དང་བྱེད་མུས་ཡིན། ནུབ་ཕྱོགས་རང་དབང་ལུང་པར་གནས་འཁོད་བོད་མི་བཙན་བྱོལ་བར་མཚོན་ན། རང་དབང་ཡོད་ཀྱང་ཉིན་རེའི་འཚོ་བའི་གནས་སྟངས་འོག་ནས་རྒྱུན་སྤྱོད་སྐད་ཡིག་དེ་སྐད་ཡིག་གཞན་ཞིག་ལ་མ་བརྟེན་མཐུ་མེད་ཡིན་པ་ནི་དངོས་ཡོད་གནས་སྟངས་ཤིག་རེད། ཨ་རིར་ལོ་ཤས་སྔོན་ཡོད་སྐབས་ང་རང་སྒེར་ལའང་ཚོར་བ་དེ་ལྟར་བྱུང་། དེ་རིང་རྒྱལ་སྤྱིའི་སྐད་ཡིག་ཉིན་མོ་དང་བསྟུན་ང་རང་སྒེར་གྱི་མྱོང་ཚོར་དེ་རང་རིགས་སྤུན་ཟླ་ཚོའི་སྤྱན་ལམ་དུ་འབུལ་རྒྱུ་ཡིན།
ནུབ་ཕྱོགས་རྒྱལ་ཁབ་ནང་བོད་ཀྱི་སྐད་ཡིག་གནས་སྟངས།
བྱང་ཨ་རིའི་སཱེན་ཕཱ་རཱན་སིས་ཀཱོ་མཚོ་ཁའི་ས་ཁུལ་ནི་གནས་སྡོད་བྱ་རྒྱུར་ས་ཆ་ཡག་པོ་ཞིག་འདུག་སྙམ། དེ་ཡང་གནམ་གཤིས་ཚ་གྲང་སྙོམ་ཞིང་། མཚོ་རི་གཉིས་འཛོམས་དང་། པང་ལྗོངས་ལེགས་ཤིང་མོ་ཊའི་འགྲོ་ལམ་ཡང་ཧ་ཅང་བདེ་པོ་ཡོད། དེབ་ཀློག་རྒྱུར་དགའ་མོས་ཡོད་མཁན་ཚོར་རིན་མེད་ཀྱི་དེབ་རྙིང་པའང་འབེལ་པོ་འདུག གཞན་ཡང་རྒུན་ཆང་ཞིམ་པོ་སྣ་འཛོམས་དང་། གཟའ་མཇུག་གུང་སེང་དང་བསྟུན་གྲོགས་འགྲིས་ཚོ་དང་ལྷན་འཛོམས་ཀྱི་དུས་ཚོད་ཀྱང་མི་ཉུང་བ་སྣང་། ས་གནས་དེར་བོད་རིགས་གཞིས་སྤོ་བ་ (Immigrants) ཡང་མང་པོ་ཡོད་པ་དང་། དེ་གར་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པ་དེའི་ནང་དུ་སྤྱི་པའི་ལས་འགན་ཐོག་ལྷག་བསམ་ཆེ་ཞིང་ལས་ལ་བརྩོན་པའི་བོད་རིགས་མི་ཉུང་བ་ཞིག་སྣང་། བོད་མིའི་སྤྱི་མཐུན་ཚོགས་པ་དེ་ནི་ཨ་རིའི་ནང་ཡོད་པའི་བོད་མིའི་སྤྱི་མཐུན་ཚོགས་པ་ཧུར་གྲས་ཤིག་ཡིན་པར་གྲགས། གོང་དུ་ཡིད་སྨོན་བྱ་རུང་བའི་གཏམ་དང་ཕྲན་བུ་འགལ་ཟླར་འགྲོ་ཡི་ཡོད་པའི་གནས་ཚུལ་གཅིག་ལ། ས་གནས་དེར་བོད་རིགས་མི་འབོར་འཕེལ་རྒྱས་འགྲོ་བཞིན་པ་དང་དུས་མཚུངས་སུ་སྤྱི་ཚོགས་དེའང་རྒྱ་བསྐྱེད་འགྲོ་མུས་རེད་འདུག འོན་ཀྱང་བོད་རིགས་ཚོགས་པ་ཞེས་ཐ་སྙད་གདགས་གཞིའི་སྤྱི་ཚོགས་ཆུང་ཆུང་དེའི་ནང་དུ། འདོགས་བྱེད་ཀྱི་བོད་ཀྱི་ཐུན་མིན་སྐད་དང་ཡེ་གེ་འཛིན་སྐྱོང་སྤེལ་གསུམ་ལ་མཚོན་ན། ཉིན་རེའི་འཚོ་བའི་ཁྲོད་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཇེ་ཉུང་དུ་འགྲོ་བ་དང་། བོད་སྐད་ནང་སྐད་ཡིག་གཞན་གྱི་བསྲེས་ལྷད་ཞུགས་ནས་རིམ་བཞིན་ཉམས་རྒུད་དུ་འགྲོ་ཡི་འདུག་བསམ་པའི་ཚོར་སྣང་ཤུགས་ཆེན་པོ་བྱུང་། གནས་སྟངས་དེར་བསམ་གཞིག་ཅུང་ཙམ་བྱེད་སྐབས་ནུབ་ཕྱོགས་རྒྱལ་ཁབ་ནང་ཡོད་པའི་བོད་མི་ཚོར་རང་གི་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱེད་དགོས་པའི་དུས་ཚོད་ཉེན་འཕྲང་ཆེན་པོ་ཞིག་གི་སྒང་ལ་སླེབས་འདུག་བསམ་པའི་སེམས་ཚོར་དྲག་པོ་སྐྱེ་བྱུང་། དེར་བརྟེན་བོད་ཀྱི་སྐད་ཡིག་གལ་འགངས་ཆེན་པོ་འདི་ཕྱི་རྒྱལ་ལའང་གསོན་པོར་ཉར་ཚགས་ཇི་ལྟར་བྱེད་དགོས་པའི་བསམ་ཚུལ་འདི་ལྟར་བྱུང་།
ཕྱི་ལོ་ ༢༠༡༢ ལོར་ཁོ་བོ་ཨ་རིའི་གྲོང་ཁྱེར་ཀཱ་ལི་ཕཱོར་ནི་ཡར་ཡོད་ཅིང་། འགྲུལ་མཚམས་ཐུང་ཡང་རིང་པོར་སྣང་བའི་དུས་སྐབས་དེ་ནི་ཨ་རི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་རྒུད་འགྲོ་བའི་དུས་ཚིགས་ཤིག་དང་འཁེལ་འདུག དེར་བརྟེན་ས་གནས་དེར་གླ་ཡོད་ལས་ཀ་རག་ཐོབ་དཀའ་བ་ཞིག་འདུག ཁོ་བོར་མཚོན་ན། དེ་སྔ་བོད་དབྱིན་བརྡ་སྤྲོད་ཕྲན་བུ་སྦྱངས་མྱོང་ཡོད་སྟབས་ཡིག་སྒྱུར་གྱི་ལས་ཀ་ཞིག་རག་ཐབས་བྱས་པ་ལྟར། ཡུ་རོབ་ཁུལ་གྱི་ལས་ཁུངས་ཤིག་ནས་ཡིག་སྒྱུར་ཞུ་དག་གཏོང་རྒྱུའི་ལས་ཀ་ཞིག་ཐོབ་བྱུང་། དེ་ནི་ཁོ་བོར་ཨ་རིའི་ནང་གི་ཆེས་ཐོག་མའི་ལས་ཀ་དེ་ཡིན། བོད་ཡིག་ཏུ་ཡོད་པའི་གཉེན་སྒྲིག་ངོས་སྦྱོར་ཡི་གེ་དབྱིན་སྒྱུར་ཞུས་པ་དེ་ཞུ་དག་བྱེད་དགོས་འདུག ཡི་གེ་དེ་བལ་ཡུལ་དུ་ཡོད་པའི་བོད་མིའི་ཚོགས་པ་ཞིག་གིས་གནང་བའི་གཉེན་སྒྲིག་ངོས་སྦྱོར་རེད་འདུག
ཡིག་སྒྱུར་ལེགས་ཀྱང་ཚིག་སྦྱོར་སོགས་ལ་བལྟ་སྐབས་ཡིག་སྒྱུར་བ་དེ་ཕྱི་རྒྱལ་མི་རིགས་ཤིག་ཡིན་པ་ཧ་ཅང་གསལ་པོ་རེད་འདུག གླ་ཆ་དེ་ཙམ་མེད་ཀྱང་རང་གི་ཕ་སྐད་སྦྱངས་འབྲས་སུ་སྐད་ཡིག་དེར་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་ཐོབ་པར་ཨ་སྒོར་ས་ཡ་ཐོབ་པ་ལྟ་བུའི་སེམས་ནང་དགའ་ཚོར་ཧ་ཅང་ཆེན་པོ་དང་སྦྲགས། རང་གི་ཕ་སྐད་ཇི་ཙམ་གལ་གནད་ཆེ་བའི་ཚོར་བ་ཞིག་ངམ་ངམ་ཤུགས་ཤུགས་ཀྱིས་སྐྱེས་བྱུང་།
བོད་ཡིག་ཕྲན་བུ་ཤེས་མཁན་གྱི་བོད་མི་ཞིག་ཡིན་པའི་ཆ་ནས་ང་ལ་ཡིག་སྒྱུར་ཞུ་དག་གི་ལས་ཀ་དེ་ཐོབ་པ་རེད། འདིར་ཕ་སྐད་ཤེས་པའི་དགེ་མཚན་ལ་ཡུད་ཙམ་དཔྱད་པ་དང་། ཕྱི་རྒྱལ་ཡིག་སྒྱུར་བ་དེ་ལའང་བོད་ཀྱི་སྐད་ཡིག་ཤེས་པར་བརྟེན་ཡིག་སྒྱུར་ལས་ཀ་ཐོབ་པ་དང་། གལ་ཏེ་ངོས་སྦྱོར་ཡི་གེ་དེ་དང་པོ་ནས་བོད་ཡིག་ནང་མེད་ན། ཡིག་སྒྱུར་བ་ཁོང་ལ་བོད་ཡིག་སྒྱུར་རྒྱུའི་ལས་ཀ་ཐོབ་ཀྱི་མེད་པ་དང་། ཁོ་བོར་ཡང་ཞུ་དག་གཏོང་རྒྱུའི་ལས་ཀ་དེ་བས་ཀྱང་ཐོབ་ཐབས་མེད། དེས་གང་མཚོན་པར་བརྗོད་ན། བོད་ཀྱི་སྐད་ཡིག་གི་དཔལ་འབྱོར་གྱི་སྒུལ་ཤུགས་ནུས་པ་(economic dynamic) གསལ་པོར་མཚོན་པར་སེམས།
ང་ཚོས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་གལ་གནད་ཆེ་ཚུལ་སྐོར་གླེང་སློང་མང་པོ་བྱེད་ཀྱི་ཡོད། ཅི་སྟེ་བོད་ཀྱི་སྐད་ཡིག་དེ་མི་ཉམས་གསོན་པོར་གནས་དགོས་ཚེ་བོད་ཕྱི་ནང་གཉིས་ཀའི་ཉིན་རེའི་འཚོ་བའི་ཁྲོད་ཙམ་མ་ཟད། དཔལ་འབྱོར་བརྒྱུད་ལམ་ནང་སྐད་ཡིག་དེར་དངོས་ཤུགས་བརྒྱུད་གསུམ་ནས་བཀོལ་སྤྱོད་དང་རྩི་བཀུར་དང་ལེན་ཆེན་པོ་གནང་དགོས་པ་ཡིན། རྒྱལ་སྤྱིའི་ཡིག་སྒྱུར་ཁྲོམ་རའི་ནང་ཡིག་སྒྱུར་ལས་ཀ་དེ་དག་ཨ་རི་དང་ཁ་ན་ཌ། རྒྱ་གར། རྒྱ་ནག ཡུ་རོབ་ལུང་པ་ཁག་ནས་ཡོང་གི་ཡོད། བོད་ཡིག་ཡིག་སྒྱུར་དང་ཞུ་དག་ལས་ཀ་ཡོད་པ་དེ་ནི་བོད་ཡིག་གི་ཡིག་ཆ་ཞིག་ཡོད་པའི་ཉེར་ལེན་ལས་ཡིན་པ་གསལ་པོ་རེད། དེ་ལྟ་ནའང་བོད་ཡིག་ཡིག་སྒྱུར་ལས་ཀ་ཡིག་སྒྱུར་བ་ཞིག་ལ་འཚོ་བའི་རྟེན་གཞིར་འགྲིག་ངེས་ཀྱི་ལས་ཀ་ཕོན་ཆེ་མེད། དེར་བརྟེན་བོད་ཡིག་ཡིག་སྒྱུར་ལས་ཀ་དེ་ཡིག་སྒྱུར་ཁྲོམ་རའི་ནང་དེ་ལྟར་དགོས་མཁོ་ཆེན་པོ་མེད་པའི་རྐྱེན་གྱིས་དེ་འཆི་འགྲོ་ཡི་ཡོད། མི་འགའ་རེས་དེ་ཞོར་ལས་དང་དབྱིངས་ལས་སུ་བྱེད་ཀྱི་ཡོད། ང་ཚོས་རྒྱལ་སྤྱིའི་ཁྲོམ་རའི་ནང་བོད་ཡིག་ཆེད་དགོས་མཁོ་ (demand) སྤེལ་རྒྱུར་བོད་ཡིག་གི་མཁོ་སྤྲོད་ (supply) བེད་སྤྱོད་བརྒྱུད་མང་དུ་གཏོང་དགོས། འདི་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དཔལ་འབྱོར་རིག་པའི་དགོས་མཁོ་དང་མཁོ་སྤྲོད་ཀྱི་ཁྲིམས་སྲོལ་ law of demand and supply དང་གཅིག་མཚུངས་ཡིན།
སྐབས་དེར་ངས་ལས་ཀ་འཚོལ་ཞིབ་འབད་བརྩོན་མི་ཉུང་བ་ཞིག་བགྱིས་པའི་མཐའ་མར། ཀཱེ་ལི་ཕོར་ནིཡ་ཀཱོན་ཊ་ཀཱོས་ཊ་ས་གནས་རྫོང་གི་ལས་ཁུངས་ཀྱི་སྤྱི་ཚོགས་རོགས་སྐྱོར་སྡེ་ཚན་ནང་ལས་ཀ་ཐོབ་བྱུང་། སྤྱི་མཚུངས་ལྟར་དང་པོ་ཚོད་ལྟ་དང་། དེ་ནས་གཏན་འཇགས་སུ་བསྐོ་བཞག་གནང་བྱུང་། དེར་ཉམས་མྱོང་དང་སློབ་སྦྱོང་ཡག་པོ་ཐོབ་བྱུང་། ཨ་རི་རྒྱལ་ཁབ་ནི་དངོས་གནས་རླབས་ཆེན་རེད་འདུག། དེ་གར་གཞིས་སྤོ་བའི་ཡུལ་ལུང་དང་མི་རིགས་མི་འདྲ་བ་མང་དག་ཡོད་ཀྱང་ཁོང་རྣམས་ཀྱི་ཡུལ་སྐད་མང་ཆེ་བར་གཞུང་གིས་ངོས་འཛིན་དང་རྩི་བཀུར་ཞུ་ཡི་འདུག སི་པེན། རྒྱ་དཀར་ནག་གཉིས་ཀྱི་སྐད། ཉི་ཧོང་། ཀོ་རི་ཡ། བལ་པོ། ཝེ་ཊི་ནམ། མཐའ་ན་རྒྱལ་ཁབ་ནང་ཁུལ་གྱི་ཡུལ་ལུང་སོ་སོའི་སྐད་ཡིག དཔེར་ན་ཊ་མིལ། པཱན་ཇཱ་བི་དང་འབར་མའི་ཧུམོངྒ་སོགས་ས་གནས་སྲིད་གཞུང་གི་གཞུང་འབྲེལ་བརྡ་ཁྱབ་དང་ཡིག་འབྲེལ་ལ་བེད་སྤྱོད་བྱེད་ཀྱི་འདུག ངས་ང་ཚོའི་ལས་ཁུངས་ཀྱི་འགན་འཛིན་དང་ལས་རོགས་ལ་གཞུང་འབྲེལ་སྐད་ཡིག་མང་དག་ཅིག་འདུག་ཀྱང་བོད་སྐད་མེད་པ་གང་འདྲ་ཡིན་ནམ། བོད་སྐད་དང་བྷོ་ཊ་ཞེས་པའི་སྐད་ཡིག་དེ་ཨེ་ཤི་ཡའི་ནང་སྐད་ཡིག་རྙིང་པ་གལ་ཆེ་ཞིག་ཡིན་པ་དང་། མི་འབོར་ས་ཡ་བཅུ་གཉིས་ལྷག་གིས་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་ཀཱེ་ལི་ཕཱོར་ནི་ཡ་རང་ནང་ལའང་བོད་མི་མང་པོ་ཡོད་ལུགས་ཞུས་པ་ཡིན།
ཁོང་ཚོས་དེ་ཀམ་པཱུ་ཊར་གྱི་ཐག་གཅོད་རེད་གསུངས་བྱུང་། བོད་ཡིག་དེ་གཞུང་འབྲེལ་ཡིག་ཁོངས་སུ་མེད་པ་ཡིན་ན། དེ་བོད་པས་དགོས་མཁོ་བཏོན་མེད་པའི་རྐྱེན་རེད། གཞིས་སྤོ་བ་(Immigrant) དང་ཡུལ་མི་ནས་གཞུང་དང་ཡིག་འབྲེལ་གནང་སྐབས་འགེངས་ཤོག་ཅིག་ཡོད། འགེངས་ཤོག་དེའི་ནང་ཡིག་འབྲེལ་དབྱིན་ཡིག་ཐོག་འགྲིག་གམ་དེ་མིན་སྐད་ཡིག་གང་གི་ནང་དགོས་མིན་བཀོད་ཡོད། བོད་སྐད་གཞིས་སྤོ་བའི་སྐད་ཡིག་རེའུ་མིག་ནང་ཚུད་མེད་པ་དེ་བོད་མི་ཚོས་དབྱིན་སྐད་དང་རྒྱ་སྐད་ལ་འགྲིག་རྟགས་བརྒྱབ་སྟེ་བོད་སྐད་དགོས་ལུགས་འགོད་ཀྱི་མེད་པ་གསལ་པོ་རེད། དེ་རྗེས་ཀམ་པཱུ་ཊར་ནང་ཕྱོགས་སྒྲིག་བྱེད་ཀྱི་ཡོད། ཀམ་པཱུ་ཊར་ནང་རང་བཞིན་གྱིས་འགྲིག་རྟགས་ཐེབས་པའི་དགོས་མཁོ་ཆེན་པོའི་སྐད་ཡིག་དེ་འབུར་དུ་ཐོན་ཡོང་གི་ཡོད། འབུར་ཐོན་བྱུང་བའི་སྐད་ཡིག་དེ་དག་གཞུང་གིས་གཞིས་སྤོར་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཁོངས་སུ་བཞག་གི་ཡོད་ཚུལ་གསལ་བཤད་གནང་བྱུང་།
གལ་ཏེ་བོད་ཡིག་དེ་བཞིན་གཞིས་སྤོར་མི་རིགས་ཀྱི་སྐད་ཡིག་ཁོངས་སུ་དགོས་ཀྱི་ཡོད་ན། བོད་པ་དང་བོད་ཡིག་ལོངས་སུ་སྤྱོད་མཁན་ཧི་མ་ལ་ཡའི་མི་རིགས་ཚོས་འགེངས་ཤོག་དེ་དང་དེ་འདྲ་བ་འགེང་སྐབས་བོད་ཡིག་ཐོག་ཡིག་འབྲེལ་དགོས་ལུགས་ཞུ་དགོས་གལ་ཆེ། གནས་ཚུལ་འདི་ཨ་རི་ཁོ་ན་མ་ཡིན་པར། ཁ་ན་ཌ་དང་ཨོ་སི་ཊོ་ལི་ཡ་སོགས་ལའང་གཅིག་གྱུར་ཡིན་འདུག། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་རྩ་མེད་བཟོས་ཏེ་རྒྱའི་སྐད་ཡིག་སྲོལ་གཏོད་ཇུས་ངན་གང་ཡོང་འདོན་གྱི་ཡོད། ང་ཚོས་རྒྱ་གཞུང་གི་སྲིད་བྱུས་དང་འཆར་གཞི་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད། རྒྱ་ནག་གཞུང་ཚབ་མདུན་སྐད་འབོད་དང་། རྔམ་སྟོན་ཁྲོམ་སྐོར་བྱེད་ཀྱི་ཡོད། ཡིན་ནའང་སྐད་ཡིག་དེ་མི་ཉམས་རྒྱུན་འཛིན་ལ་ང་ཚོ་མི་རེ་ངོ་རེ་ནས་རང་དབང་ལུང་པར་ག་རེ་བྱེད་ཀྱི་ཡོད། དེ་ལ་བསམ་ཞིབ་ནན་པོ་གནང་དགོས་གལ་མཐོང་།
སྤྱིར་བོད་མི་ཕལ་མོ་ཆེ་རྒྱལ་ཞེན་ཆེན་པོ་ཡོད་པ་མ་ཟད། རིག་གཞུང་དང་སྐད་ཡིག་ལ་ཞེན་ཁོག་ཀྱང་ཆེན་པོ་ཡོད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་ཕ་མ་མང་པོས་རང་གི་ཕྲུ་གུ་དེ་ས་གནས་ཀྱི་རེས་གཟའ་ཉི་མའི་བོད་ཀྱི་སྐད་ཡིག་རིག་གཞུང་སློབ་གྲྭར་གཏོང་གང་ཐུབ་བྱེད་ཀྱི་ཡོད། ཡིན་ནའང་འགལ་ཟླའི་གནས་ཚུལ་ཞིག་ལ་ཕ་མ་དེ་ཚོས་རང་གི་ཕྲུ་གུར་བོད་ཀྱི་སྐད་ཡིག་དང་རིག་གཞུང་གལ་ཆེན་པོ་ཡིན་པ་ནན་པོར་བསྐུལ་མ་གནང་གི་ཡོད་ནའང་། ཕ་མ་རང་ངོས་ནས་ཁ་ཡོད་ལག་ཡོད་ཀྱི་མིག་དཔེར་འཚམ་པ་ཞིག་གནང་གི་མེད། དེར་བརྟེན། ཕྲུ་གུ་ཚོའི་སེམས་ནང་རང་བཞིན་གྱིས་དོགས་འདྲི་ཞིག་སླེབས་ཀྱི་ཡོད་པ་ནི། ང་ཚོས་སྐད་ཡིག་དེ་ག་རེ་བྱས་ནས་སྦྱང་དགོས་པ་རེད། འདི་ང་ཚོའི་སྤྱི་ཚོགས་དང་ཁོར་ཡུག དེ་བཞིན་འཚོ་གནས་སོགས་ལ་འབྲེལ་བ་དང་ཕན་ཡོན་སོགས་གང་ཡང་མི་འདུག་ཅེས་ཐེ་ཚོམ་བྱེད་ཀྱི་ཡོད། གནས་ཚུལ་འདི་ལྟ་བུ་དེ་སྔོན་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཕྱི་ལོ་ ༢༠༡༢ ལོར་སཱན་ཕཱ་རན་སིས་ཀོ་བོད་ཀྱི་ཉིན་སློབ་ཏུ་སློབ་ཕྲུག་ཚོར་བཀའ་སློབ་གནང་རྗེས་སུ་དྲི་བ་དྲིས་ལན་གནང་སྐབས། བུ་མོ་ན་ཆུང་གཅིག་གིས་དབྱིན་སྐད་ཐོག་ནས། ང་ཚོས་བོད་སྐད་ག་རེ་བྱས་ནས་སྦྱང་དགོས་རེད་ཅེས་དྲིས། བུ་མོ་ན་ཆུང་ཞིག་གི་དྲི་བ་དེར་ཧོབ་དེ་བལྟས་ན་ཆོ་མེད་པ་འདྲ་པོ་ཞིག་ཡིན་རུང་། དོན་དངོས་སུ་དྲི་བ་དེས་ཕྱིའི་རྒྱལ་ཁབ་ཏུ་ཡོད་པའི་བོད་པའི་སྤྱི་ཚོགས་ནང་བོད་ཀྱི་སྐད་ཡིག་དེ་ཇི་འདྲའི་ཉེན་ཚབས་སྟེང་གནས་ཡོད་མིན་གསལ་པོ་སྟོན་གྱི་ཡོད།
གལ་ཏེ་བོད་ཀྱི་སྐད་དང་ཡི་གེ་བེད་སྤྱོད་བྱེད་མཁན་བོད་མི་དང་ཧི་མ་ལ་ཡའི་མི་རིགས་ཚང་མས་བོད་སྐད་དེ་བཞིན་མ་འཆི་བར་གནས་འདོད་ན། དང་པོ་ང་རང་ཚོས་སྐད་ཡིག་དེ་བེད་སྤྱོད་ཡག་པོ་བྱེད་དགོས། གལ་ཏེ་བོད་སྐད་དེ་ང་ཚོ་བོད་པ་ལ་དགོས་ཀྱི་མེད་ན། དེ་སུ་ལའང་དགོས་ཀྱི་མེད་པ་གསལ་པོ་རེད། སྐད་ཡིག་དེ་ང་ཚོའི་སྤྱི་ཚོགས་དང་དཔལ་འབྱོར་གང་ཅིའི་ཐད་ང་ཚོའི་ཉིན་རེའི་མི་ཚེ་དང་འབྲེལ་བ་ཡོད་པ་ལ་འབད་དགོས། གཉིས་པ། ང་ཚོས་བོད་སྐད་དེ་ས་གནས་སུ་མི་རིགས་གཞན་གྱི་སྐད་ཡིག་དང་གཅིག་མཚུངས་གཞུང་འབྲེལ་ངོས་འཛིན་ཐོབ་ཐབས་ལ་འབད་བརྩོན་ཞུ་དགོས། དེ་ནས་ས་གནས་ཀྱི་སློབ་གྲྭ་དང་མཐོ་སློབ་ཁག་གི་ངོས་འཛིན་ཐོབ་ཐབས་གནང་དགོས། དེ་བྱུང་ན་ང་ཚོའི་ཕྲུ་གུ་ཚོས་སྦྱང་བརྩོན་བྱས་པའི་བོད་ཡིག་དེ་ཁོང་ཚོའི་ཤེས་ཡོན་འགྲུབ་འབྲས་ཐོག་ལའང་ཕན་ཐོགས་ཡོད། སཱན་ཕཱ་རན་སིས་ཀོ་བོད་ཀྱི་ཉིན་སློབ་ནས་དེ་ལྟར་འབད་བརྩོན་གནང་མུས་ཡིན་འདུག དེ་དེ་བཞིན་ས་གནས་གཞན་ལའང་དེ་ལྟར་འབད་བརྩོན་གནང་དགོས། དེ་ཐོབ་པ་ཡིན་ན། བོད་ཀྱི་སྐད་ཡིག་དེ་རྒྱལ་ཁབ་དེའི་ཤེས་རིག་གི་སྒྲོམ་གཞི་དང་ཤེས་ཡོན་སློབ་ཚན་ནང་སླེབ་ཐུབ་པ་དང་། བོད་རིགས་ཁོ་ན་མ་ཡིན་པར་མི་རིགས་གཞན་གྱི་ཕྲུ་གུ་ཚོས་ཀྱང་བོད་སྐད་སྦྱང་རྒྱུའི་འདུན་པ་སྐྱེས་པ་དང་ཕན་ཐོགས་མཐོང་གི་རེད། གསུམ་པ། དེས་ན་གོང་དུ་ཞུས་པ་བཞིན་བོད་ཀྱི་སྐད་ཡིག་དེ་གཞིས་སྤོར་མི་རིགས་ཀྱི་སྐད་ཡིག་ཁོངས་སུ་ཚུད་ཐབས་སུ་བོད་མི་ཚང་མས་བོད་ཡིག་དགོས་ལུགས་ས་གནས་གཞུང་ལ་ཞུ་དགོས་ལ་འགེངས་ཤོག་ཁག་གི་ནང་ལའང་དེ་ལྟར་བཀང་དགོས།
བོད་སྐད་དེ་རྒྱལ་ཁབ་དེའི་སློབ་གྲྭ་དང་མཐོ་སློབ་ཁག་གིས་ངོས་འཛིན་ཐོབ་པ་དང་། གཞིས་སྤོར་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཁོངས་སུ་ཚུད་ཐུབ་པ་བྱུང་ཚེ། བོད་ཀྱི་སྐད་ཡིག་གི་དགོས་མཁོ་དང་བཀོལ་སྤྱོད་ཀྱང་ཆེ་རུ་འགྲོ་རྒྱུ་ཡིན། བོད་སྐད་ཀྱི་དགོས་མཁོ་དང་མཁོ་སྤྲོད་ཁྲིམས་ (Law of demand & supply) ཀྱི་འཁོར་ལོ་དེ་མདུན་བསྐྱོད་དང་ཡར་རྒྱས་ཀྱི་ཕྱོགས་སུ་འགྲོ་རྒྱུ་ཡིན་པ་སྨྲ་མི་དགོས། འདི་བོད་མི་མི་རེ་ངོ་རེའི་ལས་འགན་ཙམ་མ་ཡིན་པར། བོད་མི་རིགས་ཀྱི་ལ་རྒྱ་དང་ཆེ་མཐོང་། ཕ་མེས་ཀྱི་ཕྱག་རྟགས། ཆོས་དང་རིག་གཞུང་གི་གཞི་རྩ། འཐབ་རྩོད་ཀྱི་མེ་ཁ། ཆིག་སྒྲིལ་གྱི་ནུས་པ་ཡིན་པའི་ངེས་ཤེས་སྐྱེས་དགོས། ཕ་རོལ་རྒྱ་མིས་ཇུས་ངན་ཇི་སྙེད་ཅིག་བརྩམས་ནའང་། ཁོང་ཚོས་བོད་ཀྱི་སྐད་ཡིག་དེ་རྩ་མེད་ནམ་ཡང་བཟོ་མི་ཐུབ། གལ་སྲིད་བོད་ཀྱི་སྐད་ཡིག་དེ་མེད་པ་བཟོ་ཐུབ་མཁན་ཞིག་ཡོད་ན། དེ་བོད་མི་རང་ཡིན།
མཐའ་མཇུག་ཏུ། བོད་ཀྱི་མཁས་པའི་དབང་པོ་ཞང་སྟོན་བསྟན་པ་རྒྱ་མཚོའི་ཞལ་གདམས་ཚིགས་སུ་བཅད་པ་ཞིག་དྲན་དུ་བསྐུལ་བ་དགེའོ། །
ཀུན་དང་མཐུན་པ་རྩ་བ་ཡིན་མོད་ཀྱང་།།
མཐོང་ཚད་ལད་མོ་བྱས་ན་ཀླད་མེད་ཡིན།།
སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང་།།
རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན།།
http://tibettimes.net/2020/02/21/183697/
No comments:
Post a Comment