Fujisan's Kyareng

Monday, August 20, 2012

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ།

༢༠༡༢ ཟླ་ ༨ ཚེས་ ༡༧ རེས་གཟའ་པ་སངས།
བོད་རང་བཙན་གྱི་གསལ་བསྒྲགས་ཡིག་ཆ་ངོ་བཤུས།
སེན་ཕེ་རན་སིས་ཀོ་མཚོ་ཁའི་ས་ཁུལ། (San Francisco Bay area) བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་རྡོར་ལགས་དང་། བོད་ཀྱི་ལས་འགུལ་ལྟེ་གནས་ཁང་གི་འགན་འཛིན་ལྷག་སྒྲོན་ལགས། ལས་བྱེད་བློ་བཟང་ཆོས་འཕེལ་ལགས་བཅས་བྱང་ཀེ་ལི་ཕོར་ནི་ཡར་བོད་དོན་གཏམ་བཤད་ཆེད་དུ་ཕེབས་ཡོད། ཁོང་རྣམས་པས་བོད་མི་དང་བོད་མི་རྒྱབ་སྐྱོར་བ་མི་གྲངས་བརྒྱ་ལྷག་ལ་ས་གནས་བོད་མིའི་སྤྱི་ཁང་ནང་བོད་དོན་ཐོག་སེམས་འགུལ་དང་སློབ་སྦྱོང་ཐེབ་རྒྱུའི་གཏམ་བཤད་གཏིང་ཟབ་གནང་ཡོད།
ཚོགས་གཙོ་བསྟན་རྡོར་ལགས་ནས་བརྗོད་གཞི་གལ་ཆེ་གཉིས་ཐོག་ཞུ་གི་ཡིན་གསུངས། དེ་ཡང་དང་པོ་ང་ཚོའི་འཐབ་རྩོད་ཀྱི་ཁ་ཕྱོགས་དེ་ག་འདྲ་ཞིག་ལ་འགྲོ་གི་ཡོད་མེད་དང་། ལྷག་དཀར་ལས་འགུལ་དེ་གལ་ཆེ་ཡིན་ལུགས་སྐོར་དེ་ཡིན་གསུངས། ཁོང་གི་གསུངས་བཤད་ཀྱི་ནང་དོན། ད་ལྟ་བོད་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོ་ཞིག་གིས་རང་གི་སྐུ་ལུས་མེར་བསྲེགས་གནང་གི་ཡོད་པ་ནི། ཁོང་རྣམས་ཀྱིས་དགོས་འདུན་ནི་རང་གིས་ལས་འགུལ་འདིའི་བརྒྱུད་རྒྱལ་སྤྱིའི་ནང་བོད་དོན་ཐོག་དོ་སྣང་ཡོང་ཐབས་དང་རྒྱ་ནག་སྲིད་གཞུང་ལ་བོད་མིར་རང་དབང་སྤྲོད་དགོས་ཞེས་དྲན་སྐུལ་བྱ་རྒྱུ་དེ་ཡིན། ང་ཚོས་རྒྱལ་སྤྱིའི་དཔོན་རིགས་ཁག་ལ་བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས་པ་དང་རྒྱ་ནག་སྲིད་གཞུང་ནས་༧སྐྱབས་མགོན་རིན་པོ་ཆེ་དང་བོད་དོན་ཐོག་བཀའ་མོལ་བྱེད་དགོས་ཀྱི་འབོད་སྐུལ་ཞུས་པ་བཞིན། ཁོང་རྣམས་ནས་དེ་ལྟར་རྒྱ་ནག་དཔོན་རིགས་ལ་གསུངས་ཡོད་ནའང་། དོན་དངོས་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་ཤིག་ཐོན་ཐུབ་པ་བྱུང་མེད་པ་གསལ་པོ་ཡིན། ཉེ་འཆར་ལས་འགུལ་གསར་པ་ཞིག་སྤེལ་མུས་ཡོད་པ་ནི་རྒྱལ་སྤྱིའི་སྲིད་གཞུང་ཁག་ལ་བོད་དོན་གླེང་རྒྱུ་གཅིག་པུ་མ་ཡིན་པར་བོད་དོན་ཐོག་རྒྱུན་སྐྱོང་ལས་འགུལ་སྤེལ་ཐུབ་རྒྱུའི་ལྟེ་གནས་ཁང་ངམ་ཚོགས་ཆུང་ཞིག་གསར་འཛུགས་དགོས་ཀྱི་ཡོད་ལུགས་ཞུས་ཡོད། དེ་ཡང་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཕེརནཀི་ཝུལཕུ་དང་སྐུ་ཞབས་ཇིམ་གཉིས་ནས་ཨ་རིའི་བློན་ཆེན་ཧི་ལ་རི་ཀིལིན་ཀྲོན་ལ་ཡིག་ཐོག་བཀའ་མོལ་བྱུང་ཡོད། ཚོགས་ཆུང་འདིའི་བརྒྱུད་ང་ཚོས་རྒྱ་གཞུང་ལ་བོད་དོན་ཐོག་བཀའ་མོལ་གནང་དགོས་ཀྱི་གནོན་ཤུགས་བྱེད་ཐུབ་རྒྱུའི་སྡིངས་ཆ་ས་གཏན་ཞིག་ཆགས་རྒྱུ་ཡིན།
དོན་གནད་གལ་ཆེ་གཉིས་པ་དེ་ཚང་མས་མཁྱེན་གསལ་ལྟར་ལྷག་དཀར་གྱི་ལས་འགུལ་དེ་ཡིན། ལྷག་དཀར་གྱི་ལས་འགུལ་དེ་ནི་བོད་ནང་གི་མི་མང་གི་མ་སྐུལ་དྭང་བླངས་ཀྱི་ལས་འགུལ་ཞིག་ཡིན། འདི་ནི་མི་རིགས་ཤིག་གིས་རང་གི་རིགས་གཞུང་དང་སྐད་ཡིག དེའི་གཟི་བརྫིད་ལོངས་སུ་སྤྱོད་རྒྱུའི་ལས་འགུལ་ཞིག་ཡིན། འདི་ནི་འཚེ་བ་མེད་པའི་ལས་འགུལ་ཞིག་དང་། རྒྱ་གཞུང་གིས་བོད་མི་རྩ་མེད་བཟོ་རྒྱུའི་སྡུག་རྩུབ་གྱི་འཆར་ནག་དེ་ལ་མོས་མཐུན་མེད་པའི་རྣམ་འགྱུར་ཞིག་ཀྱང་ཡིན། ༢༠༠༨ ནས་འགོ་བཙུགས་ནས་ལྷག་དཀར་ལས་འགུལ་དེ་བོད་དང་བཙན་བྱོལ་སྤྱི་ཚོགས་ཁག་ལ་སྲུང་རྩིས་དོན་མཚུངས་ཡག་པོ་བྱས་ཡོད། ཚང་མས་ད་རུང་ཡིན་ནའང་མུ་མཐུད་འབད་རྩོན་ལྷག་བློ་སྐྱེད་དེ་སྲུང་རྩིས་གནང་གལ་ཆེ། དེ་མི་མང་ཉུང་གི་སྐད་ཆ་མ་ཡིན་པར། ཡུན་རིང་རྒྱུན་སྐྱོང་མུ་མཐུད་བྱེད་དགོས་པ་ནི་ཤིན་ཏུ་ནས་གལ་ཆེ་ཡིན་གསུངས།
བོད་ཀྱི་ལས་འགུལ་ལྟེ་གནས་ཁང་གི་འགན་འཛིན་ལྷག་སྒྲོན་བཀྲས་མཐོང་ལགས་ནས་གསུངས་གསལ། དེང་དུས་ཀྱི་འཕྲུལ་ཆས་ནི་གསར་བརྗེ་ཡི་ལྡེ་མིག་ཡིན། རྒྱ་ནག་སྲིད་གཞུང་ནས་རྒྱ་ནག་མི་མང་དྲག་གནོན་བྱ་རྒྱུ་དང་བོད་མུ་མཐུད་དབང་བསྒྱུར་བྱ་རྒྱུར་གསར་འགྱུར་གནས་ཚུལ་ཁག་གང་འགོག་ཐབས་བྱས་ཡོད་ནའང་། འཕྲུལ་ཆས་ཡར་རྒྱས་ཀྱི་གནས་ཚུལ་མང་པོ་ཞིག་ཕྱི་ལ་གྱར་འགྲོ་ཡི་ཡོད། དེང་སང་གི་དུས་ལ་གལ་ཏེ་མི་མང་ནས་རང་དབང་དགོས་ཀྱི་ཡོད་པ་ཐག་གཅོད་བྱས། དེའི་ཆེད་དུ་ལས་འགུལ་སྤེལ་ན། རིང་མིན་སྡུག་རྩུབ་ཅན་གྱི་སྲིད་གཞུང་དེ་མགོ་རྟིང་བསློག་ཐུབ་རྒྱུ་ཉག་གཅིག་རེད། རྒྱ་ནག་སྲིད་གཞུང་ནི་རང་གི་མི་མང་ལས་ཕམ་འགྲོ་ཡི་ཡོད། བོད་མི་ཚོའི་སྙིང་སྟོབས་དང་ལྷག་བསམ་ཆེ་རུ་འགྲོ་ཡི་ཡོད། བོད་མི་ཚོ་ནི་འཇིག་སྣང་ལས་འགལ་ཏེ་འཐབ་རྩོད་བྱེད་ཀྱི་ཡོད། དེ་ཡིན་དུས་རྒྱ་དམར་པོའི་སྲིད་གཞུང་ནི་གང་མྱུར་འགྱེལ་འགྲོ་རྒྱུའི་དུས་ཚོད་དེ་བསླེབས་ཡོད།
བོད་ཕྲུག་ཚོགས་པས་ ༡༩༡༣ ལ་༧གོང་ས་སྐྱབས་མགོན་སྐུ་འཕྲེང་བཅུ་སུམ་པ་ཆེན་པོས་མཛད་པའི་བོད་རང་བཙན་གྱི་གསལ་བསྒྲགས་ཀྱི་ངོ་བཤུས་ཆེན་པོ་ཞིག་དཔར་བསྐྲུན་བྱས་ཡོད་པ་དེ་འགྲེལ་བཤད་གནང་། ལྷག་སྒྲོན་ལགས་ཀྱིས་གསུངས་གསལ། རང་བཙན་གསལ་བསྒྲགས་ཀྱི་ཡིག་ཆ་འདི་ནི་ལོ་རྒྱུས་ཀྱི་ཡིག་ཆ་གཅིག་པོ་མ་ཡིན་པར་ཡིག་ཆ་གསོན་པོ་ང་ཚོའི་མ་འོངས་ཀྱི་མདུན་ལམ་ཡིན། ཡིག་ཆ་འདིའི་ནང་བོད་ནི་ཆོལ་ཁ་གསུམ། མདོ་སྟོད། མདོ་སྨད་དང་དབུས་གཙང་ལས་གྲུབ་པའི་ས་ཁུལ་ཞིག་ཡིན་པ་གསལ་པོ་འཁོད་ཡོད། ད་ལྟ་བོད་ནང་གནས་ཚུལ་ཛ་དྲག་པོ་ཆགས་བསྡད་ཡོད། ང་ཚོ་ལ་བོད་དོན་ལས་འགུལ་སྤེལ་རྒྱུའི་གོ་སྐབས་ཡང་དེ་བཞིན་དུ་ཛ་དྲག་ཆགས་ཡོད། གོ་སྐབས་འདི་ང་ཚོས་ཡག་པོ་བཟུང་ནས་རྒྱལ་སྤྱིའི་དོ་སྣང་ཐོབ་རྒྱུ་དང་། རྒྱ་ནག་དཔོན་རིགས་ཁག་བགྲོས་མོལ་གྱི་སྡིངས་ཅོག་ཏུ་འབོད་ཐུབ་པ་བྱེད་དགོས།
བློ་བཟང་ཆོས་འཕེལ་ལགས་ནི་འགན་འཛིན་བསྟན་རྡོར་ལགས་ཀྱི་ངོ་སྤྲོད་ལ་ལྟར་ན་མི་སེམས་ཤུགས་ཆེན་པོ་དང་ད་ལྟ་སློབ་ཕྲུག་ཚོགས་པའི་མ་དངུལ་བསྡུ་རུབ་ཀྱི་འགན་འཁྱེར་གྱི་ཡོད་གསུངས། བློ་བཟང་ལགས་ནས་ཁོ་རང་སློབ་ཕྲུག་ཚོགས་པའི་ལས་འགུལ་དུ་ཇི་ལྟར་བཞུགས་པ་དང་། བོད་མི་མི་རེ་ངོ་རེ་ནས་སེམས་ཤུགས་ཀྱི་ནུས་པ་དེ་གཅིག་ཏུ་སྒྲིལ་དགོས་པ་གལ་ཆེ་ཡིན་ལུགས། ཚོགས་པའི་ལས་གཞིས་བོད་དོན་ཐོག་འབྲས་བུ་ཡག་པོ་དང་དོན་ལྡན་ཡོང་རྒྱུར་དཔལ་འབྱོར་གྱི་ནུས་པ་དེ་གལ་ཆེ་ཡིན་གསུངས། འཆར་གསལ་བོད་ཆིག་སྟོང་ནས་ལོ་རེ་ཨ་སྒོར་ ༥༠༠ ཞལ་འདེབས་གནང་ཐུབ་ན་སློབ་ཕྲུག་ཚོགས་པའི་སྡོན་རྩིས་ལ་ཐུགས་ཕན་ཆེན་པོ་གསོས་ངེས་ཀྱི་འགྲེལ་བརྗོད་གནང་། ཞལ་འདེབས་གནང་མཁན་ལ་ཚོགས་པ་ནས་ཕྱག་འཁྱེར་ཞིག་ཀྱང་གྲ་སྒྲིག་གནང་ཡོད་པ་གསལ་བཤད་གནང་།
ཁོང་རྣམས་ཀྱི་གཏམ་བཤད་དག་མང་ཚོགས་ལ་སེམས་འགུལ་ཆེན་པོ་དང་ཚང་མས་དགའ་མོས་བློ་མཐུན་ཞེ་དྲག་གནང་ཡོད། བསྟན་རྡོར་ལགས་ནས་ནང་མི་རེར་བོད་རང་བཙན་གསལ་བསྒྲགས་ཀྱི་ངོ་བཤུས་རེ་གནང་། བྱང་ཀེ་ལི་ཕོར་ནི་ཡའི་བོད་མི་ཚོགས་པའི་ཚོགས་གཙོ་ཚེ་གྲུབ་ལགས་ནས་ཁོང་རྣམས་པར་མི་མང་གི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་པ་དང་། སློབ་ཕྲུག་ཚོགས་པའི་འགན་འཛིན་དང་ཚོགས་མི་རྣམས་ལ་མཇལ་དར་ཕུལ།
མི་མང་མང་པོ་ཞིག་གིས་གཞོན་སྐྱེས་གསུངས་བཤད་པ་ཚོའི་སེམས་ཤུགས་དང་ཤེས་ཚད་ལ་དགའ་སྤོབས་དང་ཁོང་རྣམས་ཀྱི་ཧུར་བརྩོན་ལ་རྗེས་སུ་ཡི་རངས་ཡོད་པ་ནང་ཁུལ་བཤད་རེ་གནང་སོང་། བསྟན་རྡོར་ལགས་དང་ལྷག་སྒྲོན་ལགས། བློ་བཟང་ལགས་གསུམ་ནས་གཞོན་སྐྱེས་ཚོ་རང་གི་རྒྱབ་ཁབ་ཀྱི་རང་དབང་གི་ལམ་ལ་འཇུག་རྒྱུའི་སེམས་འགུལ་ཐེབ་པ་བྱུང་སོང་བ་དང་། དེ་གར་ཕེབས་ཡོད་པའི་རྒན་གྲས་ཁག་གཅིག་གཞོན་སྐྱེས་ཚོའི་སེམས་ཤུགས་ལ་དགའ་མོས་ཆེན་པོས་ཐོག་གསུང་གསལ། གཞོན་སྐྱེས་ཚོས་རང་བཙན་གྱི་ཆེད་དུ་དཀའ་ངལ་ལ་ཞུམ་པ་མེད་པའི་སྤོབས་ཉམས་གྱི་སྒོ་ནས་ཧུར་བརྩོན་འབད་བཞིན་པ་དེ་ཧ་ལས་པ་རེད། ཁོང་རྣམས་ཀྱི་བྱ་བྱེད་དང་བྱས་རྗེས་ལ་བལྟས་ན། བོད་དོན་གྱི་རྒྱལ་དར་དེ་ལག་པ་གཏན་པོ་ཞིག་གི་ནང་ཡོད་པ་དང་རྒྱ་དམར་པོའི་སྲིད་གཞུང་གི་དུས་ཚོད་རྗོགས་མཚམས་སུ་ཡོད་པ་ཤེས་ཐུབ་ཅེས་ནང་ཁུལ་བཀའ་མོལ་གནང་རེ་གནང་བ་བྱུང་སོང་བའི་རྙན་ཐོ་མདོར་བསྡུས་སུ།། །།

No comments:

Post a Comment